top of page
Search

Happy Birthday His Eminence Choepel Rinpoche

༈ ཐུགས་བསྐྱེད་སྨོན་ལམ་དམ་པའི་ཉེར་ལེན་ལས།།

གངས་རིའི་མཚམས་ནས་ཁྱེད་ཀྱི་ལྟེ་ཁྲག་འཕོས།།

དང་པོའི་གོམ་འགྲོས་ཆོས་ལ་བསྒྱུར་བ་ཡི།།

ཕུན་ཚོགས་བྱིས་པའི་ལེའུ་དྲོ་སྐྱིད་ལྡན།།


ལྷ་སའི་གྲོང་ནས་ལྷོ་ཕྱོགས་ནེའུ་གསིང་བར།།

ལྟོགས་སྐོམ་གདུང་བ་ཁྱོད་ཀྱིས་དང་དུ་ལེན།།

ཚ་གྲང་ངལ་བ་ལུས་ཀྱི་གྱོན་པར་བརྗེས།།

སྐུ་ཚེའི་ལེའུ་གཉིས་པ་མགྲོན་པོར་གྱུར།།


བརྡ་སྤྲོད་གཞུང་ནས་དབུ་ཕར་ཚད་མའི་གནད།།

གསན་དང་བསམ་པས་ཉིང་བཅུད་ངོམས་མེད་འཐུང་།།

བརྒལ་བརྟག་རིགས་པས་ལོག་སྨྲའི་སྤོབས་པ་བཅོམ།།

གྲྭ་སའི་འཚོ་བ་མཁས་པའི་ལེའུར་གྱུར།།


ཚེ་རབས་འབྲེལ་བའི་འདྲེན་པ་བླ་མེད་དེས།།

བརྩེ་བས་བཟུང་ཞིང་ཚིག་ཉུང་གདམས་པས་གསོ།།

ཕ་ཆོས་བསམ་འཕེལ་ཡིད་བཞིན་བུ་ལ་འཕྲོད།།

ག་ལེར་གཅོད་པའི་ལེའུ་ཁྱོད་ལ་བརྗིད།།


དང་པོ་ལག་སྟོང་འོང་བའི་མགྲོན་པོ་དེས།།

ད་ལྟ་གཞོན་སྐྱེས་མང་པོ་བརྩེ་བས་བསྐྱངས།།

ད་དུང་ཟབ་ལམ་ཁྲོས་མའི་ཉམས་བཞེས་ཟབ།།

གཅོད་ལ་དགའ་བའི་དགེ་བཤེས་ཁྱེད་ཉིད་ཙམ།།


དྲི་མེད་ལྷག་བསམ་དཀར་པོའི་ནམ་མཁའ་ལ།།

གཞན་ཕན་གཙང་མ་ཟླ་བའི་དཀྱིལ་འཁོར་མཛེས།།

ལྷད་མེད་མཛད་འཕྲིན་འོད་སྣང་ཆེར་རྒྱས་ཏེ།།

དུས་མཐའི་མུན་པ་ཁྱོད་ཀྱིས་སོལ་བར་མཛོད།།


མཚན་རྩལ་དྲྭ་ལམ་ཁྲོད་ནས་ཁྱེད་ཉིད་ཀྱི།།

འཁྲུངས་སྐར་དགེ་བའི་སྣང་བརྙན་མཇལ་བའི་མོད།།

དམ་གཙང་སློབ་དཔོན་འཇམ་དཔལ་མིང་ཅན་གྱིས།།

རྒྱང་ནས་བདེ་ལེགས་བསུ་མ་སྙིང་ནས་ཕུལ།།


འཁྲུངས་སྐར་བདེ་ལེགས་སུ་མཚོན་པའི་འཚམས་འདྲིའི་ཚིག་ཉོག་འདིའང་གང་དྲན་ཤར་མར་ཕུལ་བའོ།

སྐུ་ཚེ་ཞབས་པད་བརྟན།🙏🏻🙏🏻🙏🏻



 
 
 

Comments


Copyright © 2024 Choephel Rinpoche – All Rights Reserved

bottom of page